Reporting of Tsakar (neuropathy) as the top-most common condition in Traditional Medicine centres in Bhutan: a review

Tendrel Wangdi1

1Faculty of Traditional Medicine, Khesar Gyalpo University Medical Sciences of Bhutan, Thimphu, Bhutan

Corresponding author: Tendrel Wangdi, Faculty of Traditional Medicine, Khesar Gyalpo University Medical Sciences of Bhutan, Thimphu

Email: Email: drungtshotendrel@kgumsb.edu.bt

DOI: https://doi.org/10.47811/bsj.0009050403


ABSTRACT

Tsakar has been observed as the most common disease presenting at the Traditional Medicine centres across the country for the past five years. The proportion of patients with Tsakar ranges between 13.00% – 16.20% based on the annual statistics for the years 2019 – 2023. Tsakar in Traditional Medicine is equivalent to neuropathy in allopathic medicine. According to Sowa Rigpa, the main causes of Tsakar include rigorous labour and dysfunction of white channels which cause the imbalance of wind and blood in the body. The symptoms associated with Tsakar are physical deformation of mouths and eyes, loss of speech and consciousness, the body becoming immobile, and involuntarily loss of excretions (faeces and urine). This review is based on interviews with the treating physicians at the National Traditional Medicine Hospital, programme managers, and field experts. Firstly, Bhutan Traditional Medicine Disease Coding system developed for the purpose of statistical classification of Traditional Medicine diseases includes Zadrip under Tsakar category. This has led to the overrepresentation in the compilation of annual statistics. Zadrip is a cerebrovascular disease referred to as stroke in allopathic medicine. Zadrip causes immobility of hemi-section of the body, stiffness of limb, urge for vomiting urge and swollen lingual veins. Secondly, the use of steam and herbal baths for the treatment of Tsakar is effective in symptom resolution leading to its growing demand. Thirdly, similarities in the symptoms between Zadrip in Traditional Medicine and stroke in allopathic medicine have led to diagnostic challenges requiring meticulous evaluation. This article calls for a careful review of disease coding system in view of its wide adoption including electronic medical records. With growing prevalence of noncommunicable diseases including stroke, it is becoming increasingly important for appropriate diagnosis of Tsakar and cross-referral of patients wherever indicated. As Sowa Rigpa adopts evidence-based practices, review of data-driven clinical decision-making is an important step in improving patient safety and patient outcomes.

Key words: Apoplexy; Bhutan; Neuropathy; Rheumatism; Stroke; Traditional Medicine


The main text of this article is in Dzongkha.
Note: For proper display of Dzongkha text, go to the browser settings and change the Standard font to "DDC Uchen" under Appearance.

ནང་སྨན་ཞབས་ཏོག་ལྟེ་བ་ཚུ་ནང་ལུ་ རྩ་དཀར་གྱི་ནད་གཞི་འདི་ ཨང་རིམ་༡ པ་ནང་ཡོད་མི་ལུ་དབྱེ་ཞིབ་མཐོང་སྣང་/མཐོང་ཚུལ།


རྟེན་འབྲེལ་དབང་འདུས།

ནང་པའི་གསོ་བ་རིག་པའི་སློབ་ཚོགས། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ། ཐིམ་ཕུག། འབྲུག།

འབྲེལ་མཐུན།: རྟེན་འབྲེལ་དབང་འདུས། ནང་པའི་གསོ་བ་རིག་པའི་སློབ་ཚོགས། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ། ཐིམ་ཕུག། འབྲུག།

གློག་འཕྲིན་: drungtshotendrel@kgumsb.edu.bt

བཅུད་དོན།

༉ རྒྱལ་ཡོངས་ལོ་བསྟར་ནད་པའི་སྙན་ཞུ་སྤྱི་ལོ་༢༠༡༩ ལས་༢༠༢༣ ཚུན་དང་འཁྲིལཝ་ད་ རྩ་དཀར་གྱི་ནད་གཞི་འདི་ལོ་ངོ་༥ གི་རིང་མཐོ་ཤོས་དང་པ་སྦེ་ར་སྙན་ཞུ་འབད་དེ་འདུག ནདཔ་བརྒྱ་ཆ་ལས་དཔྱད་པ་ཅིན་༡༣.༠༠ དང་༡༦.༢༠ གི་བར་ན་འོངས་པའི་ཐོ་བཀོད་འབད་དེ་ཡོད་མི་འདི་གིས་ ནད་གཞི་གཞན་ལས་ཁྱད་པར་སྦོམ་སྦེ་འོངས་པའི་རྟགས་མཚན་སྟོནམ་ཨིན་པས། རྩ་དཀར་གྱི་ནད་ལུ་ཚན་རིག་ནང་ལས་ Neuropathy ཟེར་སླབ་ཨིན་པས། གསོ་བ་རིག་པའི་གཞུང་ནང་ལས་ རྩ་དཀར་ནད་ཀྱི་རྒྱུ་རྐྱེན་འདི་ དྲག་ཤུལ་གྱི་ལཱ་འབད་ནི་དང་ རྩ་དཀར་ལུ་རྐྱེན་ཞུགསཔ་ལས་བརྟེན་ཏེ་ དེ་གིས་རླུང་ཁྲག་འཁྲུགས་ཏེ་བྱུངམ་ཨིན་ཟེར་གསུངས་ཏེ་འདུག། དེ་གི་རྟགས་ཚུ་ཡང་ ཁ་དང་མིག་ཏོ་གཡོ་བ། དྲན་པ་ཉམས་ནི་དང་བློ་སླབ་མ་ཚུགསཔ་འགྱོ་ནི། གཟུགས་རེངས་པ་ཟེར་སྤར་མི་ཚུགས་ནི། དྲི་ཆུ་གཉིས་རང་དབང་མེད་པར་ ཤོར་ནི་ཚུ་བྱུངམ་ཨིན་པས། ནད་གཞི་འདི་ དེ་སྦེ་མཐོ་ཤོས་སྦེ་ཐོ་བཀོད་འབད་ཡོད་པའི་རྒྱུ་རྐྱེན་ག་ཅི་ཨིན་ན་ ནང་སྨན་ཞབས་ཏོག་སྡེ་ཚན་གྱི་ལས་རིམ་འགོ་དཔོན་དང་། ནང་སྨན་སྡེ་འཛིན། གཞན་དྲུང་འཚོ་ཚུ་ལུ་ཡང་དྲིས་ལན་འབདཝ་ད། རྩ་དཀར་གྱི་ནད་གཞི་དང་གཟའ་གྲིབ་གཉིས་ཆ་འདྲ་ནི་དེ་གིས་ གཟའ་གྲིབ་ཀྱི་ནད་གཞི་དེ་ཡང་ རྩ་ དཀར་ནད་ཀྱི་ཨང་རྟགས་ ཇཙ་༠༠ བཀོད་བཞག་དོ་ཡོདཔ་སྦེ་ངོས་ལེན་བྱུང་ཡི། གཟའ་གྲིབ་འདི་གཙོ་བོ་རང་ཀླད་པའི་དབང་རྩ་དང་ཁྲག་རྩ་ཚུ་ལུ་ ཐོ་ཕོག་ཕའི་ནད་གཞི་ ཅིག་སྦེ་ངོས་འཛིན་འབད་དེ་མིང་ཡང་ Cerebrovascular Disease ཟེར་སླབ་ཨིན་པས། ནད་གཞི་འདི་གིས་ གཞོགས་ཕྱེད་ཞ་བ། ཡན་ལག་གྱི་བྱ་བ་ཉམས་ཏེ་ རེངས་འཁུམས་སུ་གྱུར་པ་ ཁ་མིག་གཡོ་བ། སྐྱུགས་སྙམ་བྱེད་པ་དང་ ལྕེ་རྩ་སྐྲངས་པ་ལ་སོགས་པའི་རྟགས་ཚུ་སྟོན་ཨིན་པས། དེ་ལས་རྩ་དཀར་གྱི་ནད་མཐོ་ ཤོས་འོང་དགོ་པའི་རྒྱུ་མཚན་གཉིས་པ་འདི་ ཆུ་ལུམས་དང་། རླངས་ལུམས་ལ་སོགས་པའི་ཞབས་ཏོག་ཚུ་གིས་ཕན་ཐོགས་སྦོམ་བྱུང་ནི་དེ་གིས་ཨིནམ་སྦེ་བཤདཔ་ཨིན་པས། གསུམ་པ། ཚན་རིག་ལས་ཨིསི་ཀྲོག་ཟེར་མི་འདི་གཟའ་གྲིབ་དང་ཁྱད་པར་མེད་ནི་དེ་གིས་ཨིན་པས། མ་གཞི་ རྩ་དཀར་དང་གཟའ་གྲིབ་འདི་གཉིས་ཁྱད་པར་ཕྱེ་ནི་ ལུ་ལཱ་ཁག་ཡོད་རུང་ ནད་གཞིའི་གནས་སྟངས་དང་གནས་ཚུལ་ངེས་བདེན་ཐོབ་ཐབས་ལུ་ ནད་གཞི་འདི་གཉིས་ཀྱི་རྒྱུ་རྐྱེན་དང་རྟགས་བཅོས་ཐབས་ག་ར་ དབྱེ་བ་མཐིལ་ཕྱིན་སྦེ་འབད་དེ་ནད་གཞི་འདི་གཉིས་ཀྱི་སྙན་ཞུ་སོ་སོ་སྦེ་ར་འབད་དགོཔ་ གལ་ཆེཝ་སྦེ་མཐོངམ་ཨིན་པས། དེ་ཡང་ དེང་སང་གི་དུས་ལུ་ ནང་སྨན་ཞབས་ཏོག་སྤུས་ཚད་ ཡར་དྲག་གཏང་ཐབས་ལུ་ ཞིབ་འཚོལ་དང་སྒྲུབ་བྱེད་ཅན་གྱི་སྨན་བཅོས་ལག་ལེན་ལུ་གཙོ་བོ་བཏོན་དགོཔ་འདི་ གལ་ཆེཝ་ཅིག་ལུ་འགྱུར་ཏེ་ཡོད་ནི་དེ་གིས་ཨིན།

གཙོ་ཚིག།:  གྲུམ་བུ། ནང་སྨན། འབྲུག རྩ་དཀར། གཟའ་གྲིབ། རླུང་།

ངོ་སྤྲོད།

༆ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་སྐུ་དྲིན་ལས་བརྟེན་ཏེ་ སྨན་བཅོས་ཞབས་ཏོག་འདི་ཡང་ ཕྱི་ཚན་རིག་དང་ནང་པའི་གསོ་བ་རིག་པའི་སྨན་བཅོས་ཞབས་ཏོག་གཉིས་ཆ་ར་ རིན་མེད་སྟོང་པར་གནང་སྟེ་ཡོདཔ་ཨིན། [] ཕྱི་ནང་གཉིས་ཀྱི་སྨན་བཅོས་ཞབས་ཏོག་ལེན་མི་ཚུ་གིས་ཡང་ རང་སོའི་ནད་གཞི་ཚབས་ཆེ་ཆུང་དང་ གནས་སྟངས་དང་འཁྲིལ་ཏེ་ལེན་དོ་ཡོདཔ་ ལས་ ནད་གཞི་མཐོ་ཤོས་ཡན་ལག་ཚིགས་གཞི་ན་བའི་རིགས་གྲུམ་བུའི་ནད་ དང་། མགོ་ནད། མཁལ་ནད། པགས་ནད། ཕོ་བའི་ནད། རིམས་ཚད། ཁྲག་རླུང་ ངམ་ཁྲག་གི་སྙིང་གཟེར། ཡ་མ་མགོ་སྲིན། རླུང་ནད། རྩ་དཀར་གྱི་ནད་གཞི་བཅུ་ཐམ་འདི་འདས་པའི་ལོ་ངོ་ ༥ གི་རིང་ལུ་ནད་གཞི་མཐོ་ཤོས་༡༠ གྱི་གྲངས་སུ་འཕྲོ་ མཐུདཔ་མཐུད་ས་ར་སྙན་ཞུ་འབད་དེ་ཡོདཔ་མ་ཚད། དེ་ཚུ་གི་གྲས་ལས་ཡང་ རྩ་དཀར་གྱི་ནད་གཞི་འདི་ལོ་ངོ་༥ གི་རིང་མཐོ་ཤོས་དང་པ་སྦེ་ར་སྙན་ཞུ་འབད་དེ་འདུག སྤྱི་ལོ་༢༠༢༣ གི་ལོ་བསྟར་ནད་པའི་སྙན་ཞུ་ལྟར་དུ་འབད་བ་ཅིན་ ནདཔ་བསྡོམས་༡༠༥༩༥༦ ཐོ་བཀོད་འབད་ཡོད་ས་ལས་ བརྒྱ་ཆ་༡༥.༠༠ ལྷགཔ་ཅིག་རྩ་དཀར་ གྱི་ནད་སྦེ་ཐོ་བཀོད་འབད་ཡོདཔ་དང་། སྤྱི་ལོ་༡༩༡༩ ལས་ཚུར་ར་ནདཔ་བརྒྱ་ཆ་ ༡༣.༠༠ དང་༡༦.༢༠ གི་བར་ན་འོངས་པའི་ཐོ་བཀོད་འབད་དེ་ཡོད་མི་འདི་གིས་ ནད་གཞི་གཞན་ལས་ཁྱད་པར་སྦོམ་སྦེ་འོངས་པའི་རྟགས་མཚན་སྟོནམ་ཨིན་པས། (གསལ་སྟོན་རེའུ་མིག་༡ པ) [ - ] དེ་སྦེ་མཐོ་ཤོས་དང་པ་སྦེ་ར་འོང་དགོ་པའི་ རྒྱུ་རྐྱེན་ག་ཅི་ལས་བརྟེན་ཏེ་ཨིན་ན་ དབྱེ་ཞིབ་འབད་དེ་བཀོད་ཡོད། གནད་དོན་འདི་ལས་བརྟེན་ རྩོམ་བྲིས་འདི་ནང་ ནང་པའི་སྨན་བཅོས་ནང་རྩ་དཀར་གྱི་ནད་གཞི་ལོ་ངོ་ ༥ གི་རིང་མཐོ་ཤོས་སྦེ་ར་འོང་དགོ་པའི་རྒྱུ་མཚན་ག་ཅི་ལས་བརྟེན་ཏེ་ཨིན་ན་བལྟ་ནི་དང་། རྩ་དཀར་གྱི་ནད་གཞི་འདི་ག་ཅི་བཟུམ་ཅིག་ཨིན་ན་དབྱེ་ཞིབ་འབད་ནི།

ཐབས་ལམ།

གསོ་བའི་ལྷན་ཁག་གི་ལོ་བསྟར་ནད་པའི་སྙན་ཞུ་དང་། ནང་སྨན་ཞབས་ཏོག་ལས་ཁུངས་ ནང་སྨན་ནད་པའི་སྙན་ཞུ་འཛིན་སྐྱོང་ལས་སྡེ་ལས་ངོ་༥ གི་ནད་པའི་སྙན་ཞུ་ཚུ་ལེན་ཞིནམ་ལས་དབྱེ་དཔྱད་འབད་དེ་བལྟ་ཡི། ནད་གཞི་མཐོ་ཤོས་༡༠ གྱི་ནང་ལས་ཡང་ རྩ་དཀར་གྱི་ནད་གཞི་འདི་སྤྱི་ལོ་༢༠༡༩ ལས་༢༠༢༣ ཚུན་་ལོ་ངོ་༥ གི་ རིང་མཐོ་ཤོས་སྦེ་ཡོད་མི་འདི་རྒྱུ་མཚན་ག་ཅི་ལས་བརྟེན་ཏེ་ཨིན་ན་ནང་སྨན་ལྟེ་བའི་ དྲུང་འཚོ་ཚུ་དང་ འབྲེལ་ཡོད་འགོ་དཔོན་ཚུ་དང་ཅིག་ཁར་དྲིས་ལན་འབད་དེ་དེ་གི་རྒྱུ་མཚན་ཚུ་བཀོད་ཡོདཔ་དང་། དེ་བཟུམ་སྦེ་ ནད་གཞི་འདི་གི་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅས་པ་རྒྱས་པར་བསྟན་པའི་གཞུང་མན་ངག་རྒྱུད་དང་། མན་ངག་ལྷན་ཐབས། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ། ཀོང་སྤྲུལ་ཟིིན་ཏིག་ནང་མ་འདྲཝ་ག་དེ་ སྦེ་ར་གསུངས་ནུག་ག་ ག་སྡུར་བརྐྱབས་ཡོདཔ་དང་། འདི་དང་གཅིག་ཁར་འཁྲུལ་སོ་འབྱུང་ཉེན་ཡོད་པའི་གཟའ་གྲིབ་གཉིས་ཀྱི་བར་ན་ཁྱད་པར། དེ་བཟུམ་སྦེ་གྲུམ་བུའི་ནད་རྟགས་དང་འཁྲུལ་སོ་ག་དེ་སྦེ་འདུག་ག་དབྱེ་ཞིབ་འབད་ཡི། དེ་གིས་མ་ཚད་ རྩ་དཀར་གྱི་ནད་གཞི་འདི་ཚན་རིག་ལས་ག་དེ་སྦེ་སླབ་ཨིན་ན་ཚུ་དབྱེ་ཞིབ་འབད་དེ་ བཀོད་དེ་ཡོདཔ་ཨིན།

རྩ་དཀར་གྱི་ནད་ཟེར་མི་འདི་ག་ཅི་བཟུམ་ཅིག་ལུ་སླབ་ཨིན་ན?

རྩ་དཀར་གྱི་ནད་འདི་ ཀོང་སྤྲུལ་ཟིན་ཏིག་ལས། བརྡབ་འགྲམ་རླུང་འཁྲུགས་གྲིབ་རྐྱེན་སོགས་ལས་བྱུང་ཞིང་། རྒྱུད་ལས་མ་ངེས་པའི་ནད་རྟགས་དུ་མ་སྟོན་པར་གསུངས་པ་ལྟར་བརྟག་དཀའ་ཞིང་། ཚབས་ཆེན་གཟའ་ནད་སོགས་དང་ཡང་འཁྲུལ་སོ་ཆེ། ཚབས་ཆུང་གཉའ་ལྟག སོག་པ། དཔུང་པ། གྲུ་མོ། སོར་ཚིགས་རྣམས་ན་ ཞིང་གཟེར་བ་ཡིན། ཟེར་གསུངས་ཡོདཔ་དང་། [] མན་ངག་ལྷན་ཐབས་ལས། དེ་རྟགས་ཁ་མིག་ཡོ་ལ་སླེ་ཞིང་འཕྲིག །དྲན་ཉམས་ལྐུགས་སམ་ཡང་ན་དབང་པོ་འཁྲུལ། །ཡན་ལག་བཤལ་སྦྲིད་ཚོར་བྲལ་ཉིང་ལག་འདར། །རེངས་འཁུམས་རྭ་ལྟར་དགྱེའམ་གཞུ་ལྟར་གུག །ཚ་འམ་གྲང་ངམ་དྲི་ཆུ་རླུགས་སམ་སྡོམ། །དེ་སོགས་ངོ་ མཚར་ནད་རྟགས་དུ་མ་སྟོན། །ནད་འདིའི་བརྟག་ཐབས་མི་ཤེས་གཟའ་རུ་འཁྲུལ། ཟེར་ནད་རྟགས་ཧ་ལམ་གཟའ་གྲིབ་དང་འདྲ་སུ་སྦེ་སྟོན་ནི་དེ་གིས་ གཟའ་གྲིབ་དང་འཁྲུལ་སོ་འབྱུང་ཉེན་ཡོདཔ་སྦེ་གསུངས་ཡོདཔ་མ་ཚད་ མན་རྒྱུད་ལས་ཡང་། དེ་རྟགས་མགོ་སྟོད་ཁ་མིག་ཡོན་པོར་འགྱུར། །མགོ་འཁོར་མྱོས་དང་དྲན་ཉམས་ཙོག་ མི་ཟུག །གཉིད་ཆུང་སྐྱུག་དང་ཁ་ལྐུགས་དབང་པོ་འཁྲུལ། །གཡའ་ཟ་སྒྲ་ཆེར་མི་བཟོད་ཡན་ལག་བཤལ། །ལ་སོགས་པ་འདྲ་སུ་སྦེ་ར་གསུངས་ཏེ་ཡོད་ནི་དེ་གིས་གཟའ་ནད་ཚུ་ཡང་ རྩ་དཀར་གྱི་ནད་གཞིའི་གྲངས་སུ་ ཐོ་བཀོད་འབད་དོ་ཡོད་པའི་དོགས་པ་ཆགསཔ་ཨིན་པས། []

རྩ་དཀར་གྱི་ནདཔ་མཐོ་ཤོས་འོང་དགོ་པའི་རྒྱུ་མཚན།

རྩ་དཀར་གྱི་ནད་གཞི་དང་ཡང་ན་ གཟའ་གྲིབ་ག་ཅི་ཨིན་རུང་ ནད་གཞི་འདི་གཉིས་ཀྱིས་ན་སའི་གནས་གཙོ་བོ་འདི་ཡན་ལག་རེངས་འཁུམས་དང་གཞོགས་ཕྱེད་ཞ་བ་ལ་སོགས་པར་གྱུར་པ་ལས་བརྐྱང་བསྐུམ་དང་གཡོ་འགུལ་གྱི་བྱ་བ་ཉམས་པའི་ནད་གཞི་ཅིག་འབད་ནི་དེ་གིས་རྩ་དང་ཆུ་རྒྱུས་ཀྱི་བྱེད་ལས་བསྐྱར་གསོའི་དུས་ཚོད་འདི་ རིངམ་སྦེ་ར་འགོར་དོ་ཡོདཔ་ལས་བརྟེན་ ཕྱི་ཚན་རིག་ནང་ཛ་དྲག་གི་གནས་སྐབས་ལུ་སྨན་བཅོས་འབད་དེ་དྲག་དོ་ཡོདཔ་ཨིན་རུང་ བསྐྱར་གསོའི་དུས་སྐབས་དང་། ལྷིང་འཇགས་ཀྱི་གནས་སྐབས་སུ་་སྨན་ནང་ལུ་ཆུ་ལུམས་དང་རླངས་ལུམས། རླངས་དུགས། གསེར་ཁབ། མེ་བཙའ། སྐམ་ཁབ་ལ་སོགས་པ་ཚུ་གིས་ཕན་ཐོགས་སྦོམ་ བྱུང་དོ་ཡོདཔ་ལས་བརྟེན་ཏེ་ ནད་གཞི་འདི་མཐོ་ཤོས་འོང་དགོ་པའི་གནད་དོན་འདི་ལས་བརྟེན་ཏེ་ཨིན་པས། [༡༠, ༡༡] ནང་སྨན་ལྟེ་བའི་དྲུང་འཚོ་ཚུ་དང་ འབྲེལ་ ཡོད་འགོ་དཔོན་ཚུ་ལུ་དྲི་བའི་སྐབས་ལུ་ཁོང་གིས་ཡང་ ཡན་ལག་རེངས་འཁུམས་ཆགས་པ་དང་ཞ་སྦྲིད་བྱེད་པ། ཟི་སྦིར་ལངས་པའི་རྩ་དཀར་དང་འབྲེལ་བའི་ནད་གཞི་ཚུ་ནང་སྨན་གྱིས་དྲག་ཚུགས་པའི་ཁེ་ཕན་ཡོད་ནི་དེ་གིས་ཨིན་པས། རྒྱུ་མཚནགཉིས་པ་འདི་ དྲུང་འཚོ་ཚུ་གིས་གཟའ་གྲིབ་དང་རྩ་དཀར་གྱི་ནད་རྟགས་འདྲ་སུ་སྦེ་ ཡོད་ནི་དེ་གིས་བརྟག་དཔྱད་ཞིབ་ཞིབ་སྦེ་མ་འབད་བར་གཟའ་གྲིབ་ཀྱི་ནད་གཞི་དེ་ཡང་རྩ་དཀར་ ཇཙ་༠༠ ནང་ཐོ་བཀོད་འབད་དོ་ཡོདཔ་ཨིན་པས། དེ་གི་སྒྲུབ་བྱེད་དེ་ཡང་ གཟའ་གྲིབ་ཀྱི་ཨང་རྟགས་དང་༠༠ ནང་ལུ་ནད་པའི་སྙན་ཞུ་ཕུད་རྡོག་གཅིག་ཡང་མེདཔ་ལས་བརྟེན་ཏེ་ ཧ་གོ་ཚུགསཔ་ཨིན། [-] རྒྱུ་མཚན་གསུམ་པ་ འདི་ ཚན་རིག་ལས་ཨིསི་ཀྲོག་ཟེར་སླབ་དོ་ཡོད་མི་འདི་ ཧ་ལམ་གསོ་བ་རིག་པའི་ནང་གཟའ་གྲིབ་འདི་ར་ཨིན་པའི་ངོས་འཛིན་དང་སྒྲུབ་བྱེད་ཚུ་ཡོད་དེ་འབད་རུང་ ནད་པའི་སྙན་ཞུ་ཕུལ་མི་འདི་གུ་ཨིན་མེན་དང་། ནད་གཞི་འདིའི་འབྱུང་རིམ། ག་ཅི་བཟུམ་འགྱུར་བ་འགྱོ་དོ་ཡོདཔ་ཨིན་ན་ཚུ་ཞིབ་དཔྱད་འབད་མི་ཅིག་ག་ཡང་མེདཔ་ལས་ བརྟེན་ཏེ་ བཏང་སྙོམས་སུ་ལུས་དོ་བཟུམ་སྦེ་མཐོངམ་ཨིན་པས། [༡༡]

རྩ༌དཀར༌གྱི་ནད༌འདི་ ནད་གཞི་གཞན་དང་འཁྲུལ་སོ་འབྱུང་ཉེན་ཡོདཔ།

རྩ་དཀར་གྱི་ནད་གཞི་འདི་ གཟའ་ནད་དམ་གཟའ་གྲིབ་དང་འཁྲུལ་སོ་འབྱུང་ཉེན་འདུག་ཟེར་ཨིན་པས། དེ་ཡང་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ གཟའ་ནད་འདི་ཕོག་ས་གཙོ་བོ་མགུ་ཏོག་ལུ་ཨིན་རུང་ མགུ་ཏོག་འདི་ཀླད་པ་རྩ་ཡི་རྒྱ་མཚོ་འཁྱིལ་བའི་ས་ཁོངས་གནད་འགག་ཆེ་ཤོས་ཅིག་ཨིནམ་དང་། རྩ་དཀར་གྱི་རྩ་བ་ཀླད་པ་ལུ་ཟུག་ སྟེ་ཡོད་ནི་དེ་གིས་ཀླད་པ་དང་དབང་རྩ་ལུ་ཐོ་ཕོག་པའི་སྐབས་ལུ་ ཡན་ལག་རེངས་འཁུམས་དང་གཞོགས་ཕྱེད་ཞ་བ་ལ་སོགས་པ་རྩ་དཀར་གྱི་ནད་རྟགས་སྟོན་པའི་སྟབས་ཀྱིས་རྩ་དཀར་ནད་དང་གཟའ་གྲིབ་གཉིས་འཁྲུལ་སོ་བྱུང་དོ་ཡོདཔ་ཨིན། ནད་གཞི་འདི་གཉིས་ཀྱི་འཁྲུལ་སོ་བསལ་ཐབས་འདི་ དང་པ་ ནད་གཞི་ཕོག་པའི་བརྒྱུད་ རིམ་འདི་གཟའ་གྲིབ་འདི་གློ་བུར་དུ་ཕོག་སྟེ་ཞཝ་འགྱོ་ནི་དང་། རྩ་དཀར་ནད་འགྲོས་ཀྱིས་སྦེ་ཞ་འཐེང་དང་སྒུར་པོ་འགྱོ་དོ་ཡོདཔ་ཨིན་པས། [, ༡༢-༡༥] བེར་ སྔོན་ལས། ལུས་ཀྱི་ཕྱི་རུ་ཐོན་པའི་རྩ་འདི་དག་ནི་ཤ་དང་ཆུ་བ་དང་རུས་པ་དང་ཚིགས་སོགས་དང་འབྲེལ་བའི་ཕྱིར་སྐྲངས་པ་དང་། སྦོས་པ་དང་། སྐམ་པ་དང་། ཞ་བ་དང་། རེངས་པར་བྱེད་པར་འགྱུར་ལ། ཟེར་གསུངས་ནུག། [༡༢] གཉིས་པ་ ནད་རྟགས་ སྟོན་ཐངས་ལུ་དབྱེ་བ་ལེགས་ཤོམ་སྦེ་དབྱེ་ཞིབ་སྦེ་བལྟ་བ་ཅིན་ རྩ་དཀར་གྱི་ནད་རྟགས་ལས་ལྷག་པའི་ཁྱད་པར་གྱི་རྟགས་གཟའ་གྲིབ་ལུ་སེན་མོ་གཞོབ་རོག་ལུ་འགྱུར་ནི་དང་། རྩ་དཀར་ནད་ལུ་དེ་ཚུ་མི་འབྱུང་དོ་ཡོདཔ་ཨིན། གསུམ་པ་ ཕན་གནོད་བསྟེན་པའི་སྒོ་ལས་བརྟག་དཔྱད་འབད་བ་ཅིན་ གཟའ་གྲིབ་ལུ་ཉ་ཕག་སྒོག་བཙོང་ཚུ་ ལྷག་པར་དུ་གནོད་ནི་དང་། རྩ་དཀར་ལུ་དེ་ཙམ་མི་གནོད་དོ་ཡོདཔ་ཨིན། [-, ༡༢-༡༥]

གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་ལས། གཟའ་ནད་ཀྱི་རྟགས་འདི་དྲན་མེད་བརྒྱལ་བ་དང་། ཡན་ལག་འགུལ་བསྐྱོད་ཡོངས་སུ་ཉམས་པ། མིག་ལམ་དུ་ཁྲ་བོ་མཐོང་བ། མགོ་ཡུ་འཁོར་བ། སྐྱུག་པ་ལངས་པ། གཞོགས་བཤལ་ལ་དེ་ཕྱོགས་ཀྱི་བྱ་བ་ཉམས་པ། མིག་རྩ་གྲུང་བ། ཁ་ལྐུགས་པ། ཁ་སླེ་བ། སེན་མོ་གཞོབ་རོག་ཏུ་གྱུར་པ་སོགས་བྱུང་།། [༡༠] བཻར་སྔོན་ལས། མིག་སྤྲིན་དཀར་པོ་ནག་ཐིག་རྒྱལ་མོ་བདལ། །ལྕེེ་ཡི་ར་མ་ལུག་གཉིས་རྒྱས་པ་དང་། །མིག་རྩ་རྒྱུ་མ་ ཕུག་འདྲ་གཟའ་ནད་ཡིན། །ཞེས་པ་སོགས་དང་། གཞོགས་གཡས་གཡོན་གང་ལ་ཕོག་པ་དེ་ལས་མེ་གཟའ་དང་ཆུ་གཟའ་ཡིན་པ་ཤེས་དགོས།། [༡༢] ཟེར་གསུངས་ མི་དང་། མན་ངག་ལྷན་ཐབས་ལས། སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་བ་དང་། །ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད། །མིག་སྤྲིན་དཀར་པོ་ནག་ཐིག་རྒྱལ་མོ་འདལ། །ལྕེ་ཡི་ར་མ་ལུག་གཉིས་རྒྱས་པ་དང་། །མིག་རྩ་རྒྱུ་མ་ཕུག་འདྲ་གཟའ་ནད་ཡིན།། [] མན་རྒྱུད་ལས། སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་བ་དང་ ། །ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད།། [] ཟེར་གསུངས་མི་ཚུ་གི་གོ་དོན་གཏིང་ཕྱིན་པ་སྦེ་ལོན་ཏེ་རྣམ་དཔྱོོད་ཡངས་པའི་སྒོ་ལས་དབྱེ་དཔྱད་འབད་དེ་ འདྲ་འདྲའི་འཁྲུལ་སོ་ནོར་ཉེན་ཡོད་མི་ཚུ་བསལ་ཐབས་འབད་དགོ།

རྩ་དཀར་གྱི་ནད་ནི། མན་ངག་ལྷན་ཐབས་ལས། དེ་རྟགས་ཁ་མིག་གཡོ་ལ་སླེ་ཞིང་འཕྲིག །དྲན་ཉམས་ལྐུགས་སམ་ཡང་ན་དབང་པོ་འཁྲུལ། །ཡན་ལག་བཤལ་སྦྲིད་ཚོར་བྲལ་ཉིང་ལག་འདར། །རེངས་འཁུམས་རྭ་ལྟར་དགྱེའམ་གཞུ་ལྟར་གུག །ཚའམ་གྲང་ངམ་དྲི་ཆུ་རླུགས་སམ་སྡོམ། །དེ་སོགས་ངོ་མཚར་ནད་ རྟགས་དུ་མ་སྟོན། ། [] ཟེར་གསུངས་དོ་བཟུམ་མའི་ནད་རྟགས་ཚུ་ལུ་དབྱེ་ཞིབ་མཐིལ་ཕྱིན་སྦེ་འབད་བ་ཅིན་ འཁྲུལ་སོའི་འཕྲང་ལས་བརྒལ་ཚུགས་ནི་ལུ་ཐེ་ཚོམ་མེད། ནད་གཞི་གཞན་གྲུམ་བུ་དང་ཆུ་སེར་ཚུ་དང་གཅིག་ཁར་ཡང་འཁྲུལ་སོ་འབྱུང་ནིའི་ཉེན་ཁ་དུམ་གྲ་རེ་ཡོདཔ་སྦེ་དྲུང་འཚོ་ཚུ་གིས་བཤདཔ་ཨིན་རུང་ གྲུམ་བུའི་ནད་གཞི་འདི་གིས་ཡང་གཙོ་བོ་ཚིགས་ལ་གྲུམ་བུར་བྱེད། ཟེར་ཟིན་ཏིག་ལས་ཚིགས་ཆེན་དང་ཚིགས་ཕྲན་ཚུ་ན་དོ་ཡོདཔ་དང་། ཁྱད་པར་མཚན་མོའི་དུས་སུ་གཟེར་ཆེ་ཟེར་གསུངས་ཏེ་ཡོད་ནི་དེ་གིས་ཁྱད་པར་ཕྱེ་ཚུགསཔ་ཨིན། དེ་བཟུམ་སྦེ་རླུང་ནད་རིགས་ཀྱི་དབྱེ་བར། གཞོགས་གཅིག་གུག་པ་ཁ་ཡོ་མགོ་བོ་འདར། །ཤིང་རེངས་དགྱེ་དགུ་མི་ཤེས་ཤིང་ལྟར་རེངས། ། [] ཟེར་མི་རྟགས་ཚུ་ཡང་རྩ་དཀར་དང་འདྲ་ནི་དེ་ གིས་ནོར་འཁྲུལ་འབྱུང་ཉེན་ཡོད་རུང་ ཐོས་པ་སྒྲ་རིག་གི་བརྟག་པ་རྐྱངམ་ཅིག་ལུ་མ་བརྟེན་པར་ མཐོང་བ་ཡུལ་རིག་གི་བརྟག་ཐབས་དང་། དཔྱོད་པ་དོན་རིག་གི་བརྟག་པ་གསུམ་ཆ་རའི་ཐོག་ལས་ན་ཐན་སྦེ་བརྟག་དཔྱད་འབད་བ་ཅིན་འཁྲུལ་སོ་བསལ་ཚུགས། དེ་གིས་མ་ཚད་ ཆུ་སེར་གྱི་ནད་ཀྱིས་ཡང་ཚིགས་གཞི་ན་བ་དང་ཟ་འཕྲུག་ ལངས་པ་ཚུ་བྱུང་དོ་ཡོདཔ་དང་། ཟིན་ཏིག་ལས། གྲུམ་བུའི་ན་ཚུལ་དྲེག་དང་ཆ་འདྲ་བ་ལས་ཁྱད་པར་ཚིགས་སྤྱི་དང་ལག་ཚིགས་ལ་འབབ་ཟེར་གསུངས་མི་ཚུ་དཔྱད་པ་མཐིལ་ཕྱིན་མཛད་དགོཔ་གལ་ཆེ། []

ནད་གཞི་འདི་གཉིས་འབྱུང་བའི་བརྒྱུད་རིམ་ལུ་ཁྱད་པར་ག་དེ་སྦེ་འདུག?

ནད་གཞི་གཞན་ལེ་ཤཱ་ཅིག་དང་གཅིག་ཁར་འཁྲུལ་སོ་འབྱུང་ཉེན་ཡོད་རུང་ གཙོ་བོ་གཟའ་གྲིབ་དང་གཅིག་ཁར་རྟགས་ཕལ་ཆེར་འདྲཝ་ལས་ འདི་གཉིས་འབྱུང་བའི་བརྒྱུད་རིམ་ལུ་དབྱེ་བ་དཔྱད་དགོ། རྩ་དཀར་གྱི་ནད་གཞི་འབད་བ་ཅིན་ འབྱུང་བའི་བརྒྱུད་རིམ་ནང་ ཟས་སྤྱོད་ལོག་པའི་རྐྱེན་གྱིས་རླུང་འཁྲུགས་པ་དང་། ཚད་རོ་རྩ་ལ་ འགྲམས་པ། ཡང་ན་གནོན་བཙིར་བྱུང་བ། རྨས་སྐྱོན་ཕོག་པ་སོགས་ཀྱིས་བསྐྱེདཔ་ཨིན། [-༡༢-༡༥] ཚན་རིག་ལས་འབད་བ་ཅིན་ རྒྱུངས་པ་བསྣད་འགྲམས་ ལས་བརྟེན་ཏེ་བྱུང་བའི་རྩ་གི་ནད་གཞི་དང་། ཡན་ལག་བཤལ་བ་དང་བྱ་བ་ཉམས་པ། གདོང་གི་དབང་རྩ་སྦྲིད་པ་དང་བྱ་བ་ཉམས་པ། ཀླད་པའི་སྐྲན་ནད་ཚུ་ལས་བརྟེན་ཏེ་རྩ་དཀར་གྱི་ནད་གཞི་ཐོབ་སྦེ་བཀོད་དེ་ཡོདཔ་ལས་ དྲུང་འཚོ་ཚུ་གིས་ནད་གཞི་བརྟག་དཔྱད་འབད་བའི་སྐབས་ལུ་གནོད་སྐྱོན་དེ་ཚུ་ཡོད་མེད་དབྱེ་ཞིབ་འབད་དགོཔ་ཨིན། [༡༦] དེ་གིས་མ་ཚད་ སྐྱ་རེངས་གསར་པ་ལས་བརྗེད་བྱེད་དམ་བརྒྱལ་གཟེར་གྱིི་ ནད་ཟེར་འཐོན་མི་དེ་ཡང་ཧ་ལམ་ཀླད་སྐྱོན་དང་དབང་རྩ་ཚུ་དང་འབྲེལ་བ་ཡོདཔ་སྦེ་བཤད་དེ་ཡོད། [༡༠] ཨིན་རུང་ ནདཔ་ལ་ལུ་ཅིག་རྒྱུ་རྐྱེན་ཁ་གསལ་ག་ནི་ཡང་མེད་པར་བརྒྱལ་ནད་ཐོབ་དོ་ཡོད་མི་འདི་ གསོ་བ་རིག་པ་ལས་བརྗེད་བྱེད་དམ་བརྒྱལ་ནད་ འདི་ཀུན་བརྟགས་གདོན་གྱིས་གནོད་པའི་ནད་གཞི་ཅིག་ཨིནམ་སྦེ་གསུངས་མི་འདི་ཨིན་པས། [༡༢] དེ་ལུ་མན་རྒྱུད་ལས། སྨྱོ་དང་བརྗེད་བྱེད་ཕལ་ཆེར་གདོན་ གྱུར་པས། །བསྐང་བཤགས་ཁྲུས་གཏོར་བདེན་བདར་ཞི་བས་བསྟེན། །ཆུ་གཏོར་ཀླུ་ཆོག་གཏོར་མས་བྲིད་ལ་བཅོས། ། [] ཟེར་གསུངས་དོ་བཟུམ་སྦེ་གདོན་བཅོས་ཚུ་འབད་དགོཔ་ཡང་སེམས་ཁ་ལས་བརྗེད་མ་བཏུབ་ཅིག་ཨིན།

གཟའ་འགྲིབ་ཀྱི་ནད་འདི་གཙོ་བོ་ར་ཀླད་པའི་ནང་ཁྲག་ཤོར་མི་དང་། ཀླད་པའི་རྒྱ་དར་ནང་ཁྲག་ཤོར་བ། ཡང་ན་ཀླད་ཁྲག་འཁར་བ། ཁྲག་རྩ་འགག་པ་ཚུ་ལས་བྱུང་དོ་ཡོདཔ་ཨིན་ཟེར་སྐྱ་རེངས་གསར་པར་འཁོད་ཡོད། [༡༠] ཚན་རིག་ ལས་འབད་བ་ཅིན་ སི་རི་བོརོ་བསེ་ཀུ་ལར་དྲི་ཟིསི་ (Cerebrovascular Disease ) ཟེར་སླབ་དོ་ཡོདཔ་ཨིན། ནད་རྟགས་དེ་ཡང་ ནད་གཞི་འབྱུང་བའི་བརྒྱུད་རིམ་ནང་ཁྱད་པར་ཡོད་དེ་འབད་རུང་ ནད་གཞི་ཕོག་ཚར་ཞིནམ་ལས་ནད་རྟགས་གཙོ་བོ་ ཡན་ལག་རེངས་འཁུམས་དང་ཞ་བ། གཞོགས་ཕྱེད་ཞ་བ་ལ་སོགས་ པ་ལུ་འགྱུར་དོ་ཡོདཔ་ལས་ སྨན་དཔྱད་འབད་ཐངས་དང་གཉེན་པོའི་སྨན་ཚུ་རླུང་དང་རྩ་དཀར་བསྐྱར་གསོ་འབད་ནིའི་སྨན་ཚུ་བཏང་དོ་ཡོདཔ་ལས་ དྲུང་འཚོ་ཚུ་གིས་ནད་གཞི་འདི་གཉིས་ཆ་ར་ ཇཙ་༠༠ རྩ་དཀར་སྦེ་ངོས་འཛིན་འབད་དོ་ཡོདཔ་ཨིན། [༡༠༡༡༡༧]

ཀླད་པའི་ནང་ཁྲག་ཤོར་མི་མང་ཤོས་འོང་དགོ་པའི་རྒྱུ་མཚན་ཡང་ དེང་སང་ཁྲག་ཤེད་ཆེ་བའི་མི་ཡར་འཕར་འགྱོ་དོ་ཡོདཔ་ལས་ ཁྲག་ཤེད་ཆེ་བའི་མི་ལུ་ གཟའ་འགྲིབ་ཀྱི་གནོད་སྐྱོན་གཞན་སྤྱིར་བཏང་དང་འཕྱདཔ་ད་ ལེ་ཤཱ་གིས་མཐོཝ་སྦེ་ཡོད་པའི་ཁུངས་དང་སྒྲུབ་བྱེད་ཚུ་བཀོད་དེ་ཡོདཔ་ཨིན། དཔེར་ན་ སྤྱིར་བཏང་གི་ ཤིང་དང་སྒྲོན་མེའི་ཤིང་གཉིས་ཀྱི་བར་ན་ མེ་འབར་ནིའི་མགྱོགས་ལྷོད་ཀྱི་ཁྱད་པར་ཡོད་དོ་བཟུམ་སྦེ་ ཁྲག་ཤེད་མཐོ་བའི་མི་ཚུ་ལུ་ གཞན་ཁྲག་ཤེད་མེད་མི་ཚུ་ལས་གཟའ་འགྲིབ་ཕོག་ནིའི་ཉེན་ཁ་འདི་ ལེ་ཤཱ་གིས་ཆེཝ་ཨིནམ་སྦེ་མཁས་པ་ཚུ་གིས་གསུངས་ཏེ་ཡོད། [༡༨]

ནད་གཞི་འདི་གཉིས་སྨན་དཔྱད་འབད་ཐངས་ལུ་ཁྱད་པར་ག་དེ་ཡོད་ག?

ནད་གཞི་འདི་གཉིས་ལུ་སྨན་དཔྱད་འབད་ཐངས་ཀྱི་རིམ་པ་དང་གཉེན་པོའི་སྨན་དེ་ཡང་ གཟའ་གྲིབ་ཀྱི་ནད་ཁྲག་ཤེད་མཐོ་བའི་རྐྱེན་ལས་བྱུངམ་ཨིན་པ་ཅིན་ ཁྲག་ཤེད་མར་ཕབ་ཀྱི་ཁྲག་སྨན་དང་ད་ལི་༡༨ ། བསམ་འཕེལ་ནོར་བུ། མུ་ཏིག་༢༥ ། བྱུར་དམར་༢༥ ཚུ་གཏང་དགོཔ་སྦེ་གསུངས་ཡོདཔ་དང་། རྩ་དཀར་གྱི་ནད་གཞི་ལུ་རླུང་ དང་འབྲེལ་བའི་སྨན་དང་དེ་གུ་ད་ལི་༡༨ དང ་བསམ་ནོར། ཨ་གར་༢༠ དེ་ཚུ་གཏང་དགོཔ་ཨིན། དཔྱད་ཀྱི་ཐད་ ཁྲག་མཐོ་བའི་ནདཔ་ལུ་ཁྲག་ཤེད་མར་ཕབ་ཀྱི་དཔྱད་སྐམ་ཁབ་ཚུ་བརྐྱབ་དགོཔ་དང་། རྩ་དཀར་གྱི་ནད་དེ་གཙོ་བོ་རླུང་དང་འབྲེལ་བ་ཡོད་ནི་དེ་གིས་རླུང་གསང་ཚུ་མནན་དགོཔ་སྦེ་བཀོད་དེ་འདུག། [༡༡༡༩-༢༤] ཟིན་ཏིག་ལས། རྩ་དཀར་རིགས་གང་ལའང་མེ་བཙས་བསྡམ་པ་གནད་ཆེ་བས། སྤྱི་གཙུག་ ལྟག་པའི་སྡུད་སྒོ། ལྟག་ཟུར་སྤུ་འཁྱིལ་གཉིས་ལ་སོགས་པར་བརྐྱབ་དགོཔ་སྦེ་གསུངས་ཡོདཔ་མ་ཚད་ ཁྲག་ཤེད་མཐོ་བ་ཅིན་ སྲིན་ལག་རྒྱབ་རྩ་དང་། རྐང་པའི་བྱིན་གཞུག་ བྱིན་ཀྱོག་ཚུ་གཏར་དགོ་ཟེར་གསུངས་ནུག། []

ཚད་འཛིན

རྩ་དཀར་གྱི་ནད་ཀྱི་སྐོར་ལས་ དབྱེ་ཞིབ་དང་དྲིས་ལན་འདི་ ཐིམ་ཕུ་རྒྱལ་ཡོངས་ནང་སྨན་ལྟེ་བའི་ནང་ལུ་རྐྱངམ་ཅིག་འབད་ཡོདཔ་མ་གཏོགས་ རྫོང་ཁག་གཞན་ནང་ཡོད་པའི་དྲུང་འཚོ་ཚུ་དང་དྲིས་ལན་འབད་མ་ཚུགས། ཨིན་རུང་ ནད་པའི་སྙན་ཞུ་འདི་རྫོང་ཁག་ཆ་མཉམ་གྱི་སྙན་ཞུ་ཡོངས་བསྡོམས་ལུ་འབད་ཡི། ནད་པའི་སྙན་ཞུའི་ནང་ལུ་ ནད་གཞི་ཆ་མཉམ་ར་བཀོད་དེ་མེད་ནི་དེ་གིས་ཡང་ནད་གཞི་སྙན་ཞུའི་ནང་བཀོད་མི་ལ་ལུ་ཅིག་གྱངས་ཁ་ཚད་ལས་བརྒལ་འགྱོ་མི་ཚུ་བརྒྱ་དཔྱའི་ནང་ལུ་ཕབ་ད་ འོས་ལྡན་མེད་པའི་གྲུབ་འབྲས་སྦེ་འཐོན་འགྱོཝ་ཨིནམ་མས།

མཇུག་བསྡུ

ནད་གཞི་རྩ་དཀར་དང་གཟའ་གྲིབ་གཉིས་ཀྱི་རྟགས་དང་མཚན་ཉིད་ཚུ་ འདྲ་སུ་སྦེ་ར་བསྟན་ནི་དེ་གིས་བརྟག་དཔྱད་ལན་རེ་ཟུང་གིས་དབྱེ་བ་ཕྱེ་ཚུགས་ནི་ལུ་ དཀའ་ངལ་ཡོད་དེ་འབད་རུང་ ནད་གཞི་འདི་གཉིས་བྱུང་བའི་རྒྱུ་རྐྱེན་དང་། ནད་རྟགས། སྨན་བཅོས་འབད་ཐངས་ལུ་ཁྱད་པར་ཡོདཔ་ལས་བརྟེན་ཏེ་ ནད་གཞི་འདི་གཉིས་ ཀྱི་ཁྱད་པར་ཕྱེ་ནི་ལུ་ སློང་བ་རྒྱུ་ལ་བརྟག་པ་དང་། ནད་ཕོག་པའི་བརྒྱུད་རིམ་ལ་བརྟག་པ། མཚན་ཉིད་རྟགས་ལ་བརྟག་པ། ཕན་གནོད་གོམས་པའི་སྒོ་ནས་བརྟག་པ་ཚུ་ཞིབ་ཞིབ་སྦེ་འབད་བ་ཅིན་ ནོར་འཕྲང་བསལ་ཚུགས་ནི་དང་། དེ་སྦེ་མེན་པ་ཅིན་ གནས་ཚུལ་དང་བརྡ་དོན་དུམ་གྲ་རེ་ཕྱི་འགྱུར་འགྱོ་ནིའི་ཉེན་ཁ་རེ་ཡང་མཐོངམ་ ཨིན་པས། ག་དེ་སྦེ་ཟེར་བ་ཅིན་ ལོ་བསྟར་ནད་པའི་སྙན་ཞུ་ཕུལ་མི་འདི་གི་གནད་དོན་ངོ་མ་ར་ ནད་གཞི་ག་ཅི་བཟུམ་འདི་དེང་སང་འཕེལ་མཆེད་ཆེཝ་སྦེ་ཡོདཔ་ཨིན་ན་དང་། ག་ཅི་ལས་བརྟེན་ཏེ་ཨིན་ན་ཚུ་ཤེས་པ་ཅིན་ དེ་གི་བསལ་ཐབས་དང་དེ་གི་གཉེན་པོ་སྨན་དང་དཔྱད་ཟས་དང་སྤྱོད་ལམ་བསྟེན་ཐངས་ཚུ་ ག་དེ་སྦེ་འབད་དགོཔ་ཨིན་ན་ ཚུ་ཐབས་ལམ་བཏོན་ཚུགསཔ་ལས་བརྟེན་ཏེ་ ནད་གཞིའི་བརྡ་དོན་ནོར་འཁྲུལ་མེད་པར་ག་ཨིན་མི་འདི་ ངེས་བདེན་གནས་ཚུལ་ཤེས་དགོཔ་འདི་ག་ནི་བ་ཡང་གལ་ཆེ། དེ་གིས་སྦེ་ནཱ་ལས་ཕར་དྲུང་འཚོ་ཚུ་གིས་འབད་རུང་ ནད་གཞིའི་ཨང་རྟགས་ག་ཅིའི་ནང་བཙུགས་རུང་བཏུབ་མནོ་བའི་སྣང་བ་གང་ཤར་གྱི་ཐོག་ལས་མེན་པར་ རྣམ་དཔྱོད་ ཀྱི་རྩལ་ཡངས་པོར་ཕྱེ་སྟེ་དབྱེ་ཞིབ་མཐིལ་མཛད་དགོ་པའི་ཁར་ སྲིད་བྱུས་བརྩམ་མི་དང་འབྲེལ་ཡོད་ལས་ཁུངས་ཚུ་གི་ཁ་ཐུག་ལས་འབད་རུང་ དེ་དང་བསྟུན་པའི་ལམ་སྟོན་དང་དྲན་གསོ། སྦྱོང་རྡར་ཚུ་དུས་དང་དུས་སུ་སྤྲོད་ནི་ལུ་མཉམ་འབྲེལ་དང་དང་ལེན་མཛད་དགོཔ་འདུག་ཟེར་ཞུ་ནི།

བཀའ་དྲིན་དགའ་ཚོར།

ནང་སྨན་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ རྣམ་རྒྱལ་ལྷུན་གྲུབ་ལུ་ ངེའི་ཞིབ་འཚོལ་ནང་རྒྱབ་སྐྱོར་མཛད་གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།


གསལ་བསྒྲགས།

ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་གནང་བ་དང་ ངོས་ལེན་གྱི་གནང་བ།

རྩོམ་འབྲི་འདི་ནང་བཀོད་ཡོད་པའི་ གནས་སྡུད་ཚུ་ ལོ་བསྟར་ནད་པའི་སྙན་ཞུ་ལས་བསྡུ་བསྡུཝ་ཅིག་ཨིནམ་ལས་ ཞིབ་འཚོལ་ཀུན་སྤྱོད་རྣམ་གཞག་གི་གནང་བ་དང་ ངོས་ལེན་གྱི་གནང་བ་ལེན་དགོཔ་མེད།


དཔེ་སྐྲུན་གྱི་ཁས་ལེན།

བདག་དབང་མེད།


ཁེ་ཕན་ལྟག་སྤྲོད་ཀྱི་ངག་བརྗོད།

རྩོམ་བྲིས་པ་དེ་ ཁྱད་རིག་བསྐྱར་ཞིབ་ཚོགས་ཆུང་གི་འཐུས་མི་ཅིག་ཨིན། རྩོམ་བྲིས་པ་དེ་ མཉམ་སྡེབ་བསྐྱར་ཞིབ་ཀྱི་བྱ་རིམ་ནང་ལས་ ཕྱིར་བཏོན་འབད་ཡོདཔ་མ་ཚད་ འབྲེལ་གཏོགས་གང་ཡང་མེད།


མ་དངུལ་རྒྱབ་སྐྱོར།

རྩོམ་འབྲི་གི་དོན་ལུ་ མ་དངུལ་གྲོགས་རམ་མེད།


ཡིག་ཆ་གི་ཁུངས་གཏུག།

རྩོམ་འབྲི་ནང་གི་ རྒྱབ་རྟེན་དཔེ་ཆ་ཚུ་ ཚུལ་མཐུན་སྦེ་བཀོད་དེ་ཡོད།


རྩོམ་པ་པོ་གི་ཕན་འདེབས།

རྩོམ་ཡིག་བསམ་གཞི། ཞིབ་འཚོལ་ཐབས་ལམ། ཐབས་རིག། མཉེན་ཆས། ལུགས་མཐུན་དབྱེ་ཞིབ། བརྟག་ཞིབ། གནས་སྡུད་ལྟ་རྟོག། མཐོང་རྟོགས། ཞིབ་འཚོལ་ལས་སྣ་འཛིན་སྐྱོང་། ཟིན་བྲིས་དང་པ། བསྐྱར་ཞིབ་དང་ ཞུན་དག། རྟེན་འབྲེལ་དབང་འདུས།



Received: 11 April, 2024   Accepted: 10 May, 2024   Published online: 16 May, 2024

རྒྱབ་རྟེན་ཡིག་ཆ།།

༡   Thinley S, Tshering P, Wangmo K, Wangchuk N, Dorji T, Tobgay T, et al. The kingdom of Bhutan health system review. Health Syst Transit. 2017;7. Available: https://iris.who.int/handle/10665/255701

 ༢  Ministry of Health. Annual Health Bulletin 2019. Thimphu: Ministry of Health, Royal Government of Bhutan; 2020.
Available: https://www.moh.gov.bt/wp-content/uploads/moh-files/2017/06/AHB_2019.pdf

༣   Ministry of Health. Annual Health Bulletin 2020. Thimphu: Ministry་of Health, Royal Government of Bhutan; 2021.
Available: https://www.moh.gov.bt/wp-content/uploads/ict-files/2017/06/health-bulletin-Website_Final.pdf

 ༤  Ministry of Health. Annual Health Bulletin 2021. Thimphu: Ministry of་Health, Royal Government of Bhutan; 2022.
Available: https://www.moh.gov.bt/wp-content/uploads/ict-files/2021/06/24.06.2021_Bulletin-Book-2021.pdf་

༥  Ministry of Health. Annual Health Bulletin 2022. Thimphu: Ministry་of Health, Royal Government of Bhutan; 2023.
Available: https://www.moh.gov.bt/wp-content/uploads/ict-files/2022/05/Annual-Health-Bulleti-2022_Link.pdf

 ༦  Ministry of Health. Annual Health Bulletin 2023. Thimphu: Ministry of་Health, Royal Government of Bhutan; 2024.
Available: https://www. moh.gov.bt/wp-content/uploads/Annual-Health-Bulleti-2023.pdf

༧  འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀོང་སྤྲུལ་གྱི་གསོ་རིག་ཟིིན་ཏིག་གཅེས་བསྡུས། འཐོན་རིམ་དང་པ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། ལ་དྭགས། ༡༩༧༦།

༨  སངས་རྒྱས་རྒྱ་མཚོ། མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀསྟུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི། འཐོན་རིམ་དང་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ལ་དྭགས། ༡༩༩༡།

༩  ཁྲོ་རུ་ཚེ་རྣམ། མན་རྒྱུད་འགྲེལ་པ་དྲང་སྲོང་དགྱེས་པའི་ཞལ་ལུང་། འཐོན་རིམ་དང་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྒྱ་ནག ༢༠༠༡།

༡༠  རྒན་བསམ་གཏན། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ། དེབ་༢ པ། བོད་ལྗོངས་མི་མང་དཔེ་སྐྲུན་ཁང་། ལྷ་ས། ༢༠༠༧།

༡༡  རྡོ་རྗེ་ཚེ་བརྟན། གཟའ་གདོན་ནད་ཀྱི་སྨན་བཅོས་སྐོར། སྨན་རྩིས་དུས་དེབ། འདོན་ཐེངས་བཞི་པ་། རྡ་རམ་ས་ལ། རྒྱ་གར། ༡༩༩༨།

༡༢  སངས་རྒྱས་རྒྱ་མཚོ། གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བེ་ཌཱུར་སྔོན་པོའི་མལླི་ཀ་ཞེས་བྱ་བ་བཞུགས་སོ། སྨད་ཆ། Dharamsala: Tibetan Medical & Astro Institute; 1994.

༡༣  རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ། འབྲུག་རང་ལུགས་གསོ་བ་རིག་པའི་ནད་ཀྱི་དབྱེ་རྟགས་སྣང་གསལ་སྒྲོན་མེ། ཐོན་རིམ་༢པ། ༢༠༡༠།

༡༤  བཀྲས་སྒྲོན། ཀྲུང་གོའི་གསོ་རིག་ཀུན་འདུས། སྨད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠།

༡༥  རྒྱལ་ཡོངས་ནང་པའི་གསོ་རིག་འཛིན་སྐྱོང་ལྟེ་བ། གསོ་རིག་དགོངས་དོན་ནད་རྟགས་ཀུན་གསལ་སྣང་བ་གསར་པ། ༢༠༠༥།

༡༦  Watson JC, Dyck PJB. Peripheral Neuropathy: A Practical Approach to Diagnosis and Symptom Management. Mayo Clin Proc. 2015;90: 940–951. doi:10.1016/j.mayocp.2015.05.004

༡༧  Portegies MLP, Koudstaal PJ, Ikram MA. Cerebrovascular disease. Handb Clin Neurol. 2016;138: 239–261. doi:10.1016/B978-0-12- 802973-2.00014-8

༡༨  ཟླ་བ། གཟའ་ནད་བཅོས་ཐབས་ཀྱི་མྱོང་ཚོར་ཐོར་བུ་བློ་ཆུང་བུང་བའི་མགྲིན་སྒྲ་ཞེས་བྱ་བ། རྡ་རམ་ས་ལ། རྒྱ་གར། ༢༠༡༤།

༡༩  བསྟན་འཛིན་མཐའ་ཡས། སྐམ་ཁབ་དང་མེ་བཙའི་བཅོས་ཐབས། བོད་གཞུང་སྨན་རྩིས་ཁང་། རྒྱ་གར། ༢༠༠༥།

༢༠  ནང་སྨན་ཞབས་ཏོག་ལས་ཁུངས། དཔྱད་བཅོས་ལག་དེབ་ཕན་བདེའི་ནོར་བུའི་ཕྲེང་བ། ཐིམ་ཕུག། གསོ་བ་ལྷན་ཁག། ༢༠༠༨།

༢༡  ཐུབ་བསྟན་ཕུན་ཚོགས། གསོ་རིག་སྙིང་ནོར་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦།

༢༢  Xinnong. C; Chinese Acupuncture and Moxibustion. 7th ed. Foreign Language Press, Beijing. China; 2006.

༢༣  གླིང་བ་བྱང་རིག་ཁོ། རྒྱུན་སྤྱོད་བོད་སྨན། དངུལ་ཁབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤།

 ༢༤  རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ། གསོ་རིག་ཚད་ལྡན་སྨན་བཅོས་ལམ་སྟོན། ཐིམ་ཕུག། གསོ་བ་ལྷན་ཁག། ༢༠༡༩།